『རྩོམ་མཁན་ཐེ་ཀོར། ལོ་ཙཱ་བ་ན་བུན།』
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
སྐྱེ་བ་ནས་འཆི་བའི་དབར་མ་ཡིན་པར། ཁྱེད་རང་ངའི་དྲུང་དུ་འགྲེང་ཡང་། ད་དུང་ང་ཁྱེད་ལ་དགའ་ཞིང་དུངས་པ་མི་ཚོར་བ་དེའོ།།
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
ང་ཁྱེད་ཀྱི་སྔུན་དུ་འགྲེང་ཡང་། ཁྱེད་ཀྱིས་ངའི་དུངས་པ་མི་ཚོར་བ་དེ་མ་ཡིན་ཏེ། འུ་གཉིས་ཕན་ཚུན་ཇི་འདྲའི་དགའ་ཞིང་བརྩེ་བ་བསྙོན་མེད་དུ་རྟོགས་ཀྱང་།
ད་དུང་མཉམ་གནས་སུ་འཚོ་མི་ཐུབ་པ་དེའོ།།
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
ཕན་ཚུན་ལ་ཇི་ལྟར་དགའ་ཡང་། ཕན་ཚུན་ཁ་ཁ་སོ་སོར་གནས་པ་དེ་མིན་པར། དེ་ནི་ན་ཟུག་དང་བཅས།
རང་སེམས་ཀྱི་འདོད་ཞེན་ལ་ཕྱིར་རྒོལ་མི་ནུས་བཞིན་དུ། ད་དུང་ཁྱེད་ནི་ངའི་སེམས་ཁོང་ན་མེད་སྣང་འཛིན་པ་དེའོ།།
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
མ་ཡིན་བཞིན་དུ་ཕན་ཚུན་གྱི་འདོད་བློ་མི་མཐུན་པར་བསྙོན་ཁར། རང་ལ་སྙིང་ཉེ་བའི་མི་ལ་རབ་མེད་གཙང་བོས་ཆོད་པའི་བར་ཐག་འཛིན་པ་དེའོ།།
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
འུ་གཉིས་ཕན་ཚུན་ཇི་ལྟར་མཛའ་ཞིང་དུངས་དུས། མཉམ་གནས་མི་སྲིད་པ་དེ་མིན་པར། བརྩེ་སེམས་ནི་གདུལ་ཐབས་མེད་པ་ཞིག་ཡིན་པ་གསལ་བཞིན་དུ།
འུ་གཉིས་ཀྱིས་ད་དུང་གང་ལའང་ཉམས་སྣང་ཅི་ཡང་མེད་མདོག་བྱེད་པ་དེའོ།།
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
ཤིང་སྡོང་གཉིས་དབར་གྱི་བར་ཐག་དེ་མིན་པར། རྩ་བ་གཅིག་ཏུ་རྒྱས་པ་ཡིན་རུང་། རླུང་ཁྲོད་དུ་ཡལ་ག་རྣམས་ཕན་ཚུན་ལ་བརྟེན་ནས་ཚུགས་མི་བཏུབ་པ་དེའོ།།
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
ཡལ་ག་རྣམས་ཕན་ཚུན་ལ་བརྟེན་མི་ནུས་པ་དེ་མ་ཡིན་པར། སྐར་ཕྲན་གཉིས་ཀྱིས་ཕན་ཚུན་ལ་ཇི་ཙམ་བལྟས་ཀྱང་།
ཕན་ཚུན་ཐུག་འཕྲད་ནི་མི་སྲིད་པ་དེའོ།།
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
སྐར་ཕྲན་གཉིས་དབར་གྱི་བར་ཆད་དེ་མ་ཡིན་མོད། བར་ཆད་དེ་བསྣོལ་བའི་གནས་ཤིག་འཚོལ་དུ་མེད་པ་དེའོ།།
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
ཕན་ཚུན་བསྣོལ་བའི་གནས་ཤིག་བཙལ་དུ་མེད་པ་དེ་མིན་པར། སྐར་ཕྲན་དེ་གཉིས་མ་འཕྲད་ཡར་སྔོན།
ཕན་ཚུན་གྱི་ལས་དབང་མ་བསྣོལ་བ་དེའོ།།
འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག་ནི།
བྱེའུ་དང་ཉ་མོའི་དབར་གྱི་བར་ཐག་ཡིན་དེ། གཅིག་ནི་མཐོངས་པའི་དབྱིངས་དང་། གཅིག་ནི་མཚོ་མོའི་འཇིངས་སུའོ།།
རྒྱབ་ལྗོངས་སྙིང་བསྡུས།
སྤྱིར་འཛམ་གླིང་ཤར་ནུབ་གྱི་སྤྱི་ཚོགས་ཁོར་ཡུག་དང་སྒྱུ་རྩལ་རིག་གནས།
མཛེས་དཔྱོད་རིན་ཐང་ལྟ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་ཧེ་བག་ཆེན་པོ་ཡོད་ནའང་། བདག་ཉིད་ཆེན་མོ་ཐེ་ཀོར་གྱི་སྙན་ངག་འདི་ནི་རྒྱུ་སྐུད་གཅིག་ཏུ་དྲངས་པའི་དུང་བརྗོད་ཀྱིས་བལྟམས་པར་སྙམ།
དེ་ཡང་སྙན་ངག་འདིའི་མགོ་མཇུག་བར་གསུམ་དུ་ང་ཚོས་སྙན་ངག་པའི་བརྩེ་གདུང་གི་ཁམས་དེ་གསལ་རྗེན་དུ་རོལ་མྱོང་ཐུབ་པ་ཞིག་སྟེ།
སྙན་ངག་པས། / འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག / གི་མཚན་ཉིད་སྤྱད་ནས་རང་ཉིད་ཀྱི་བརྩ་དུང་གི་སྐྱོ་གར་གསལ་རྗེན་དུ་བསྟན་འདུག
སྙན་ངག་འདིའི་ནང་འཇིག་རྟེན་གྱི་ཆས་དངོས་ཕན་ཚུན་ཞིབ་བསྡུར་གནང་བ་ལས་ང་ཚོས་སྙན་ངག་པའི་ནང་སེམས་ཀྱི་མྱ་ངན་དང་བློ་འགྱོད་ཤུགས་དྲགས་པོས་ཚོར་ཐུབ་སྟེ།
དཔེར་ན་སྙན་ངག་པས། སྐྱེ་བ་དང་འཆི་བ་ / ཞེས་སྐྱེ་འཆིའི་འདུ་འབྲལ་དང་། ཕོ་མོའི་བརྩེ་གདུང་དང་དྲན་གདུང་ལ་རྫུ་བག་བྱེད་པའི་རེ་ཆད་ཡིད་མུག་གི་སེམས་ཁམས་ལྷུག་བརྗོད་གནང་འདུག
གཞན། སྙན་ངག་འདིའི་དུམ་མཚམས་རེ་རེར།
/ འཇིག་རྟེན་སྟེང་ཆེས་རིང་བའི་བར་ཐག / ཅེས་བཟློས་བརྗོད་དང་མཚུངས་རྒྱན་ཟུང་དུ་སྦྲེལ་ཏེ།
སྙན་ངག་པས་རང་ཉིད་ཀྱིས་བརྗོད་འདོད་ཀྱི་དམིགས་ས་དེ་ཁ་གསལ་ཞིང་སྙན་ཞིང་འཇེབས་པ་ཚིག་རྒྱན་སྣ་ཚོགས་ཀྱིས་སྤུད་ནས།
ཀློག་པ་པོའི་ཡིད་དབང་སྐད་ཅིག་ཉིད་ལ་སྙན་ངག་པའི་ཡིད་སེམས་སུ་དྲངས་པ་དང་ཆབས་ཅིག ཀློག་པ་པོས་སྙན་ངག་པ་དང་མཉམ་དུ་བརྩེ་དུང་གི་ཟློས་གར་ལ་ཅི་དགར་རོལ་ཐུབ།
འབྲེལ་ཐག་འདི་བརྒྱུད་ནས་ཉི་ཡིག་ནང་ཀློག་ཐུབ།
No comments:
Post a Comment