འབའ་ཕུན་གླེང་སྟངས་ཤིག I འོས་སྦྱོར།

 


འབའ་པ་ཕུན་ཚོགས་དབང་རྒྱལ།
ཟུར་གསུམ་མ།

དེ་རིང་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་གཤེགས་པའི་དུས་དྲན་ཡིན།
ཕྲན་གྱིས་ཁོང་གི་ཕུགས་བསམ་དང་སྙིང་རུས་དྲན་པར་བྱའོ།། 

སྤྱིར་ཡིན་ན། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཤིག་འབྲི་བསམ་ནས་ཡུན་རིང་འགོར། དེའི་ཆེད་དུ་ཁོང་དང་འབྲེལ་ཡོད་ཀྱི་མི་སྣ་རྒན་པ་རེ་ནས་ཀྱང་རྒྱུས་བླངས། ཁོག་འབུབས་ཕལ་ཆེར་གྲུབ། གཞན་གྱི་དྲིང་ལ་འཇོག་མི་དགོས་པ་ཞིག་ཕྲིས་ཡོང་སྙམ་མོད།  བྱེ་བྲག་ལ་ཐུག་དུས། དོན་དག་ལ་ལ་ཞིག་མངོན་ལ་འབྲི་ཐབས་མི་འདུག་པ་ཤེས། མངོན་ལ་འབྲི་ཐབས་མེད་པ་དེ་དག་མ་བྲིས་ན། སྐུ་ཚེའི་ལོ་རྒྱུས་ཤིག་བྲིས་པ་ལ་སྙིང་པོ་མི་འདུག་བསམ་ནས་མིག་སྔར་བསྐྱུར་ཏོ།།

ཁོང་གི་སྐུ་ཚེ་གཡོར་གྲུ་ཞིག་ཡིན་པར་བྱས་ན། རླུང་ཆེན་པོ་གཉིས་ཀྱིས་དེད་ནས་སོང་། རླུང་གཅིག་མི་རིགས་རིང་ལུགས་དང་། རླུང་གཅིག་དམར་ཤོག་གི་ལྟ་གྲུབ་ཡིན། དམར་ཤོག་གི་ལྟ་གྲུབ་ལས་ཀྱང་ལེ་ཉིན་གྱི་<<མི་རིགས་རང་ཐག་རང་གཅོད་ཀྱི་རྣམ་བཤད་>>རེད། ཁོང་གི་ངོས་ནས། རླུང་དེ་གཉིས་གཅིག་ཏུ་འདྲེས་འདུག་མོད། གཙོ་བོ་དང་ཤུགས་ཆེ་བ་ནི་མི་རིགས་རིང་ལུགས་ཀྱིས་བྱས་སོ།།

ཕྱོགས་གཅིག་ནས། དང་ཐོག་ཁོང་ནི་དམར་ཤོག་ལྟ་གྲུབ་ལ་ཡིད་གཉིས་ཐེ་ཚོམ་མེད་པར་དད་པ་བྱས་པ་དང་བྱས་ནས་ཀྱང་རྗེས་འཇུག་པ་རྣལ་མ་ཞིག་ཡིན། དེ་གཙོ་བོ་ལེ་ཉིན་གྱི་ཤན་ཐེབས་སོ།།

ལེ་ཉིན་གྱིས་ཅི་ཞིག་བྱས་སམ་ཞེ་ན། མི་རིགས་རང་ཐག་རང་གཅོད་ཀྱི་རྩ་དོན་ལྟར། སུའུ་ལེན་ལ་མི་རིགས་མནའ་འབྲེལ་རྒྱལ་ཁབ་ཀྱི་ལམ་ལུགས་བཙུགས་པས། སུའུ་ལེན་དམར་ཤོག་གི་རྗེས་སུ་འབྲངས་པའི་རྒྱ་ནག་དམར་ཤོག་གིས་ཀྱང་དེ་འདྲའི་ལམ་ལུགས་ཤིག་བཙུགས་ཡོང་དགོངས་ནས་ཡིད་ཆེས་གནང་། ཁོང་དམར་ཤོག་ལ་དད་པ་སྐྱེ་བ་དང་རྗེས་འཇུག་པ་ཞིག་བྱེད་དོན་གཙོ་བོ་དེ་ལ་ཐུག ཐོག་མའི་སྐབས་སུ། ཁོང་གི་ཕུགས་བསམ་ནི་འཕུར་མ་ལྡིང་གི་བྱེའུ་ཞིག་དང་འདྲ། 

<<མི་རིགས་རང་ཐག་རང་གཅོད་ཀྱི་རྣམ་བཤད་>>ཀྱིས་ཁོང་གི་ཕུགས་བསམ་ལ་གཤོག་ཟུང་སྤྲད་པས། མཐོ་ས་ནས་རྒྱ་ཆེ་ཞིག་ལ་གཟིགས་ཐུབ་པར་གྱུར།  ཐོག་མའི་སྐབས་སུ།  རྒྱ་ནག་དམར་ཤོག་ལ་འབྲེལ་བ་བཙུགས་ཡོད་ནའང་། བསམ་བཞིན་མཚམས་དང་ཚོད་བཟུང་ཡོད་པ་ཞིག་ཡིན།  དེའི་དམིགས་ཡུལ་སུའུ་ལེན་དམར་ཤོག་ལ་ཐུག ཕྱིས་སུ་འཇང་ཡུལ་ནས་དྲག་པོའི་འཆར་གཞི་ཕམ་རྗེས། ད་གཟོད་རྒྱ་ནག་དམར་ཕྱོགས་ཀྱི་མཐོ་རིམ་མི་སྣར་འབྲེལ་བ་ཚུགས། ཡིན་ནའང་། དམར་ཤོག་གི་མཐོ་རིམ་མི་སྣ་འགས། ཁ་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་སྒྲོག་ནའང་། དེའི་རྗེས་འཇུག་པ་ཡིན་མདོག་བྱེད་ནའང་། དོན་ལ་ཁོ་ཚོར་གཞུང་ལུགས་ཀྱི་བློ་སྦྱོང་དང་ཉམས་ལེན་གཉིས་ཀ་མེད་ཚུལ་གཟིགས་རྗེས།  ཐེ་ཚོམ་པ་དང་ཐུགས་ཕམ་བྱུང་བའང་གསལ་པོ་རེད། ཁོང་དམར་ཤོག་ལ་དད་ནའང་། དམར་ཕྱོགས་ཀྱི་དབང་འཛིན་པའི་བྱེད་སྟངས་ལ་ལར་མངོན་ཤུགས་གཉིས་ནས་སྐྱོན་བརྗོད་ཆེན་པོ་གནང་ཡོད།  དེ་ནི་དཔེར་བཞག་ན། ཆོས་ལ་དད་པ་རྣམ་དག་ཡོད་ནའང་སྤྲུལ་སྐུའི་བྱ་སྤྱོད་ལ་དགག་པ་བྱས་པ་དང་ཆ་འདྲ།  ཁོང་གིས་ཆོས་ལ་དགག་པ་གནང་མེད་ལ། “སྤྲུལ་སྐུའི་ལམ་ལུགས་ལའང་སྐྱོན་བརྗོད་གནང་མེད་མོད། “སྤྲུལ་སྐུ་དག་གི་ལོག་པར་སྤྱོད་པ་ལ་ནི་དགག་པ་ཐེབས་ཤག་ཤག་གི་གནང་ཡོད།   

ཕྱོགས་གཞན་ཞིག་ནས། མི་རིགས་ཀྱི་མདུན་ལམ་ལ་ཁ་ཞེ་གཉིས་མེད་ཀྱིས་ཐུགས་བསམ་བཞེས་པ་དང་། དེའི་དོན་དུ་མི་ལོ་ཉི་ཤུར་ཉེ་བ་ལ་བཙོན་དུ་བཅུག  དེའི་དོན་ལ་སྐུ་ཚེ་རྫོགས་པར་བྱས་སོ།།

ཁོང་ནི་བསམ་སྦྱོར་གཉིས་ཆ་ནས་མི་རིགས་རིང་ལུགས་པ་ཞིག་ཡིན། ཁོང་གི་གསུངས་རྩོམ་ལ་མཇལ་ན། བོད་མི་རིགས་ཀྱི་མདུན་ལམ་ཐད་ལ་ཆབ་སྲིད་ཀྱི་ཕུགས་བསམ་ཅི་ཞིག་བཟུང་ཡོད་པ་གསལ་ཡོང་། ཁོང་གི་མི་རིགས་དང་འབྲེལ་བའི་གསུངས་རྩོམ་ཁག་ནི་བོད་མི་རེ་རེའི་ངེས་ཀློག་དཔེ་ཐོ་རུ་ཡོད་འོས་སྙམ་དུ་བསམ།

ཁོང་ལ། རང་གི་ཁ་རུ་ཁ་ཐུག་གི་གཤིས་ཀར་ང་རྒྱལ་ཞིག་ཀྱང་མེད་དམ་སྙམ་མོད། གཤིས་ཀ་དེས། ཁོང་ཆབ་སྲིད་པ་ཞིག་ལ་འགྱུར་བ་དང་། ཁོང་གི་ཕུགས་བསམ་དོན་གཉེར་གྱི་བྱ་བ་ལ་བར་ཆད་མི་ཆུང་བ་ཞིག་བྱས་ཡོད་པ་འདྲ། སྐབས་ལ་ལར་ཆབ་སྲིད་པ་ཞིག་གི་གྱ་གྱུ་འཁྲབ་ཡོད་ནའང་། བསམ་བཞིན་ནམ་བསམ་བཞིན་མ་ཡིན་པའི་ངང་ལ་ཁ་རུ་ཁ་ཐུག་གནང་བའི་སྐབས་ཀྱང་མང་།

འབའ་ཕུན་གླེང་དུས། འདི་ཙམ་གྱིས་ཡེ་མི་འདང་སྟེ། སྐུ་ན་ཆུང་དུས་ཀྱི་འབའ་ཐང་གི་གནས་ཚུལ་ནས་བཟུང་། བོད་དང་རྒྱ་དང་རྒྱལ་སྤྱིའི་གནས་ཚུལ་མང་པོ་དཀྱུས་གཅིག་ཏུ་ཚང་བར་ཟིན་དགོས་པ་ཞིག་ཡིན། 

བོད་མིའི་ནང་དུ་ཁོང་ལ་དྲང་ལྡོག་གཉིས་ནས་བསམ་ཚུལ་བརྗོད་མཁན་ཡོད། དེ་ཡོད་པ་ལ་ཁག་ཀྱང་མེད། འོན་ཀྱང་འདིར་ཁོང་ལ་དཀར་འདོན་བྱེད་པའི་དམིགས་ཡུལ་མེད། རྗེས་དྲན་ཙམ་གྱི་ཚབ་ལ། དོན་དངོས་གལ་ཆེན་གཅིག་གཉིས་ཤིག་མདོར་བསྡུས་ཙམ་དུ་བྱས་སོ།།

ཁོང་གི་གསུངས་རྩོམ་ཁག་ལ་ཞིབ་མོར་མཇལ་བ་མེད་ན། རྩོམ་འདིས་འཇུག་སྒོ་ཙམ་གྱི་གོ་ཆོད་སྙམ།


No comments:

Post a Comment

Adbox