དམངས་མེད་ཚེ། དམངས་གཙོ་ཞེས་པ་ག་ལ་ཡོད། I བསྒྱུར་རྩོམ།


དམངས་མེད་ཚེ། དམངས་གཙོ་ཞེས་པ་ག་ལ་ཡོད།

 ལིའུ་ཅུན་ནིང་གིས་བརྩམས། ལྗགས་མདས་བསྒྱུར།

དགྱ་ནག་ཏུ།
མི་དམངས་ཞེས་པ་འདི་ཆ་འཇོག་འཕེར་པོ་མེད་པའི་གོ་དོན་རབ་རིབ་ཅིག་ཡིན། ལས་ཁུངས་ཀྱི་སྒོ་བྱང་ནས་མི་སེར་གྱི་ལས་མཐའ་དག་ཏུ་མི་དམངས་ཞེས་པའི་ཡིག་རྡོག་གཉིས་པོ་དང་འབྲེལ་བའི་འཕྲིན་གཏོང་། སྦྱར་བྱང་། ཕྱག་བྲིས་སོགས་མ་བྱུང་བའི་ཡུལ་ནི་གང་། ཕྱོགས་གཞན་ཞིག་ནས་གླེང་ཚེ་དོན་དམ་མི་དམངས་ཞེས་པ་ནི་སུ་ཞིག་ཡིན་པ་སུ་ལའང་གསལ་ཆས་སྟོངས། ང་ནི་མི་དམངས་ཡིན་ཞེས་གླེང་ཕོད་མཁན་མེད་ལ། ང་ནི་མི་དམངས་མིན་ཞེས་ཤོད་མཁན་དེ་བས་ཀྱང་མེད། ཁམས་གསུམ་མི་དམངས་ཞེས་པས་ཁྱབ་ཀྱང་དེ་ག་རྙེད་པའི་གླགས་ནི་སྲིད་མཐའ་ཙམ་མོ།།

དགྱ་ནག་ཏུ། ཁྱབ་གདལ་གཏིང་ཕྱིན་དུ་སོང་བའི་མི་དམངས་ཞེས་པ་དེ་ལ་འདུ་ཤེས་འཛིན་སྟངས་ཀྱི་རྒྱབ་ལྗོངས་སྟུག་པོས་ཁེབས་ཤིང་། སྐབས་འདིའི་འདུ་ཤེས་འཛིན་སྟངས་ནི་མར་ཁེ་སིའི་རིང་ལུགས་ཀྱི་གྲལ་རིམ་འཐབ་རྩོད་ཀྱི་ལྟ་གྲུབ་དང་འབྲེལ་བའི་གུང་ཁྲན་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་དེ་ལ་གོ མི་དམངས་ཞེས་པ་ནི་དྲག་ཤུགས་གསར་བརྗེའི་ཆབ་སྲིད་ཀྱི་ཐོན་དངོས་ཤིག་ཡིན་ལ་གྲལ་རིམ་འཐབ་རྩོད་ཀྱི་དུས་རབས་གང་གི་མངོན་ཚུལ་ཡང་ཡིན། གྲལ་རིམ་འཐབ་རྩོད་ཀྱི་ལྟ་གྲུབ་གཞིར་བཟུང་ན་དགྱ་ནག་ལ་མི་ཡི་རིགས་གཉིས་མ་གཏོགས་མེད་དེ། གཅིག་ནི་མི་དམངས་དང་གཅིག་ཤོས་ནི་དགྲ་བོའོ།། མི་དམངས་ཀྱི་ལས་བསྐོས་ནི་དགྲ་བོ་རྨེག་མེད་དུ་གཏོང་རྒྱུ་དེ་ཀ་ཡིན་ཡང་ཕྱིས་བྱུང་མི་དམངས་ཞེས་པ་སུ་ཡིན་ཤེས་ཐབས་མེད་ལ་རྙེད་སླ་བ་ནི་དགྲའོ།།

མི་དམངསམངོན་སུམ་འཛེམ་མེད་ཀྱིས་སྒེར་གཅོད་སྲིད་དབང་གི་དོན་སྤྱི་ལག་ཏུ་བསྟར་བའི་ལག་ཆར་གྱུར། མི་དམངས་ཀྱི་འོས་ཐང་དེ་ནམ་ནམ་ཞར་ཞར་དབང་འཛིན་པ་དང་ཆབ་སྲིད་ཀྱི་དགོས་མཁོར་བརྟེན་ནས་ཐག་གཅོད་གནང་ལ། གླེང་ཕྱོགས་མི་འདྲ་བ་རྒྱུན་འཁྱོངས་བྱེད་མཁན་གང་ཞིག་མི་དམངས་ཀྱི་གྲལ་ནས་ངེས་པར་ཕུད་སྲིད་ཅིང་ཐ་ན་རྨེག་མེད་དུ་གཞོམ་པའི་ཡུལ་ཡང་ཡིན།མི་དམངསལ་ཉེས་ཡོད་རྩིས་འདེད་ཀྱི་གསང་བ་འདུས་ཡོད་དེ། སྤྱི་ཚོགས་ཁྲོད་དུ་དགྲ་བོ་ཁག་ཅིག་ནི་ནམ་ཡང་མི་དམངས་ཀྱི་ཁ་གཏད་དུ་ལངས་ཤིངམི་དམངས་མིན་པགང་ཞིག་ནི་གུ་ཡངས་གཏོང་དུ་མེད་པའི་ཉེས་མིང་པ་ཡིན། 

དེ་བས་མི་འདི་དག་ལ་ངེས་པར་སྲིད་དབང་སྒེར་གཅོད་ལག་ཏུ་བསྟར་བར་མ་ཟད། མི་དམངས་ཞེས་པའི་མིང་ཐོག་ནས་ཀྱང་བླ་ན་མེད་པའི་མངའ་དབང་པ་ཞིག་ཏུ་གྲུབ་ཚར། ཡིན་ན་ཡང་། མི་དམངས་ཞེས་པ་སུ་ཞིག་ཡིན་པར་ཤེས་རྟོགས་མེད་པའི་སྐབས་སུ་མངའ་དབང་ནི་རང་བཞིན་གྱིས་མི་དམངས་འཐུས་ཚབ་པའི་ལག་ཏུ་ཤོར་ཚར། དེ་ལས་ཤེས་ཐུབ་པ་ནི་སྤྱི་དམངས་ཀྱི་གོ་བབ་ཤིན་ཏུ་དམའ་བའི་གནས་སྐབས་ལ། མི་དམངས་ནི་ཆབ་འབངས་ཀྱི་མིང་ཡག་པོ་དེ་ཡིན་ཞིང་། ཁྲིམས་སྲིད་དམངས་གཙོའི་རྒྱལ་ཁབ་ཏུའང་མི་དམངས་ཞེས་ཤོད་སྲོལ་ཡོད་ཀྱང་། དེ་ནི་གྲལ་རིམ་འཐབ་རྩོད་ཀྱི་གཞུང་ལུགས་དང་འདྲ་ལེ་མིན་ལ་ཆབ་སྲིད་ཀྱི་དགོས་སྙིང་ཡང་རྦད་དེ་མི་མཚུངས།

སྤྱི་དམངསདེམི་དམངསདང་བསྡུར་ན་མི་འདྲ་ས་མང་སྟེ། སྤྱི་དམངས་ཀྱིས་འདྲ་མཉམ་མཚོན་ཞིང་། མི་དམངས་ཀྱིས་ཁྱད་གསོད་མཚོན། སྤྱི་དམངས་ཀྱིས་ཞི་བདེ་མཚོན་ཞིང་། མི་དམངས་ཀྱིས་འཐབ་རྩོད་མཚོན། སྤྱི་དམངས་ཀྱིས་ཁྲིམས་སྐྱོང་མཚོན་ཞིང་། མི་དམངས་ཀྱིས་མི་སྐྱོང་མཚོན། སྤྱི་དམངས་ཀྱིས་སྤྱི་མཐུན་མཚོན་ཞིང་། མི་དམངས་ཀྱིས་སྲིད་དབང་སྒེར་གཅོད་མཚོན། སྤྱི་དམངས་ཀྱིས་དཀྱེལ་ཡངས་མཚོན་ཞིང་། མི་དམངས་ཀྱིས་ཤ་འཁོན་མཚོན། སྤྱི་དམངས་ཀྱིས་ཆིག་སྒྲིལ་མཚོན་ཞིང་། མི་དམངས་ཀྱིས་ཁ་ཕྲལ་མཚོན། སྤྱི་དམངས་ཀྱིས་མི་སྒེར་གོང་དུ་བཀུར་ཞིང་། མི་དམངས་ཀྱིས་ཐུན་མོང་གི་ཚོགས་པ་དགུང་དུ་འཇོག

མི་དམངས་ནི་སོ་མཚམས་མེད་པའམ་ཡང་ན་གང་རུང་གིས་ས་མཚམས་གཅད་ཆོག་པའི་ཚོགས་པ་ཞིག་ཡིན་པས་ན་དེ་ག་ངོས་འཛིན་བྱེད་པར་ཤིན་ཏུ་དཀའ། ཧྥ་རན་སིའི་བསམ་བློ་མཁན་ཀོང་སི་ཏཱང་གིསམི་དམངས་ལ་སྲུང་སྐྱོབ་བྱེད་མཁན་ནམ་ཡང་ན་མི་དམངས་ལ་གཉའ་གནོན་བྱེད་པའི་དུས་རབས་དང་རྒྱལ་ཁབ་གང་ཡིན་ཡང་མི་དམངས་དང་ལྷན་དུ་གྲོས་འཆར་མི་འདོན་པར་མི་དམངས་ཞེས་པའི་མིང་ཐོག་ནས་བྱ་བ་སྒྲུབ་བཞིན་འདུགཅེས་གསལ་སྟོན་གནང་བ་ལྟར། མི་ཞིག་གིས་རང་གི་ཡོད་ཚད་ཐུན་མོང་གི་ཚོགས་པ་དེ་ལ་འབུལ་བའི་ཚེ། དེ་ནི་རང་གི་ཡོད་ཚད་ཐུན་མོང་གི་ཚོགས་པ་དེར་ཕུལ་བ་མ་ཡིན་པར། ལྡོག་སྟེ་ཚོགས་པའི་མིང་ཐོག་ནས་བྱ་བ་སྒྲུབ་མཁན་གྱི་མི་སྒེར་རམ་ཚོགས་པ་ཆུང་ངུ་གང་ལ་ཕུལ་བ་རང་རེད། 

སྤྱི་དམངས་ནི་སྐྱེས་མ་ཉིད་ནས་མི་བུ་སྒེར་གྱིས་གྲུབ་པའི་སྡེ་ཚན་ཞིག་ཡིན་པས་ན་ངོས་འཛིན་བྱེད་སླ། གལ་ཏེ་དགྲ་བོ་ཞེས་པའི་ཁོངས་སུ་འདེད་ན་ཡང་ཁེངས་ཉམས་ཆེན་པོསང་ནི་སྤྱི་དམངས་ཡིན་ལ། ངེད་ཀྱིས་སྤྱི་དམངས་ཀྱི་ཐོབ་ཐང་ཆེ་རུ་བསྐྱེད་ངེས་ཡིནཞེས་བརྗོད་ཆོག སྤྱི་དམངས་ཀྱི་ཐོབ་ཐང་དང་རང་དབང་ནི་སྐྱེས་མ་ཉིད་ནས་ཡོད་ཅིང་། སྤྱི་དམངས་ནི་ཚད་གཞི་འཇོག་སླ་སྟེ། རྒྱལ་ཁོངས་ཡོད་པའི་མི་མཐའ་དག་ནི་སྤྱི་དམངས་ཡིན་ལ། རྒྱལ་ཁོངས་མེད་པའི་མི་ནི་འཛམ་གླིང་གི་སྤྱི་དམངས་ཡིན།

མི་དམངས་ཞེས་པའི་ལྟག་རྒྱབ་ན་མི་དང་མིའི་དབར་འདྲ་མཉམ་མིན་པ་སྐུང་ཞིང་། མི་དམངས་ནང་ཁུལ་ལའང་ལས་ཞབས་པ་དང་མི་སེར། ཚོགས་པ་ཕྱི་དང་ནང་། གྲོང་ཁྱེར་དང་ཡུལ་ཚོ་བཅས་ལ་གྲལ་རིམ་གྱི་མཆོག་དམན་བཀར་ཡོད། མི་དམངས་ཀྱིས་མི་དམངས་མ་ཡིན་པ་གང་ཞིག་ལ་གཉའ་གནོན་དང་སྲིད་དབང་སྒེར་གཅོད་བྱ། འདི་ལམི་དམངས་དམངས་གཙོའི་སྲིད་དབང་སྒེར་གཅོདཟེར། སྤྱི་དམངས་ཞེས་པའི་ལྟག་རྒྱབ་ཏུ་ཁྲིམས་ཀྱི་མདུན་དུ་མི་བུ་སོ་སོ་འདྲ་མཉམ་ཡིན་པ་མཚོན་ཞིང་། མི་ཞིག་གིས་མི་གཞན་ཞིག་ལ་གཉའ་གནོན་བྱེད་པའི་དབང་ཆ་མེད་ཅིང་། སྤྱི་དམངས་ལ་སྲིད་དབང་སྒེར་གཅོད་བྱེད་པའི་དབང་ཆ་དེ་བས་ཀྱང་མེད་པ་བསྟན།

དེར་མ་ཟད། སྤྱི་དམངས་ཀྱིས་སྲིད་ལུགས་རང་འདོད་ཀྱིས་གདམ་ཆོག་པ་ཡིན་ན། དེ་ནི་མི་དམངས་(དམངས་གཙོ་)སྤྱི་མཐུན་རྒྱལ་ཁབ་ཅིག་མིན་ལ། མི་དམངས་ཀྱི་རྒྱལ་ཁབ་དང་སྤྱི་མཐུན་གྱི་རྒྱལ་ཁབ་གཉིས་ནི་འགལ་བ་ལྟག་སྤྲོད་དུ་གནས་ཡོད། མི་དམངས་(དམངས་གཙོའི་སྤྱི་མཐུན་རྫུས་མའི་རྒྱལ་ཁབ་དེ་དམངས་གཙོ་མིན་ལ། སྤྱི་མཐུན་ནི་དེ་བས་ཀྱང་ངོ་།། དེ་བས། ལོ་རྒྱུས་ཐོག་དེ་ལྟའི་མིང་བཏགས་པའི་རྒྱལ་ཁབ་ནི་བལྟས་པ་ཙམ་གྱིས་ཤེས་ཡོང་། ཁོ་རེ་ཡ། ཁུ་པ། ཝེ་ཐེ་ནམ། འཇར་མན་ཤར་མ། ཧང་ག་རི། ཕོ་ལན། རོ་མ་ནི་ཡ་སོགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་གང་གིས་རྒྱལ་འཛུགས་ཀྱི་གཞི་རྩ་གྲལ་རིམ་འཐབ་རྩོད་བྱས་མེད། ཡོ་རོབ་ཤར་མའི་རྒྱལ་ཁབ་ཀྱི་མི་རྣམས་སྤྱི་དམངས་རྣལ་མ་ཞིག་ཏུ་གྱུར་མ་ཐག་ཏུ། ལས་ཀྱི་ཐོག་མ་ནི་རྒྱལ་མིང་ལས་མི་དམངས་(དམངས་གཙོ་)གཡུག་སྤྱུགས་གཏོང་ཞིང་སྤྱི་མཐུན་སོ་རུ་འཇོག་པ་དེའོ།།

སྤྱི་མཐུན་རྒྱལ་ཁབ་གཤའ་མ་གང་དེས་སྤྱི་དམངས་ཡོད་ཚད་ལ་ཞབས་ཕྱི་བྱེད་པ་ལས་སྤྱི་དམངས་ཁྲོད་ཀྱི་མི་དམངས་ཁག་ཅིག་ལ་ཞབས་ཕྱི་བྱ་མི་རིགས། ཁྲིམས་འཛུགས་ལས་ཁུངས་ནིམི་དམངསཀྱི་འཐུས་ཚབ་ཁོ་ན་ལས་སྤྱི་དམངས་ཀྱི་འཐུས་ཚབ་མི་བྱེད་པ་ཞིག་ཏུ་འགྱུར་མི་རུང་། དེ་བཞིན་དུ། ཁྲིམས་འཛིན་ལས་ཁུངས་ནིམི་དམངསཁོ་ནའི་ཆེད་དུ་དྲང་བདེན་སྐྱོང་བའི་མི་དམངས་ཁྲིམས་ཁང་ཞིག་བྱེད་པར་ག་ལ་རུང་། སྲིད་གཞུང་གི་ལས་ཁུངས་ནི་ཁྲལ་དངུལ་འཇལ་བའི་སྤྱི་དམངས་ཀྱིས་གསོས་པ་ཡིན། 

ཡིན་མདོག་ཁ་པོསམི་དམངསལ་ཞབས་ཕྱི་བྱེད་པ་ལས་རང་ཉིད་གསོས་པའི་སྤྱི་དམངས་ལ་ཞབས་ཕྱི་བྱ་འོས། བརྒྱ་ལ། སྲིད་ཚོགས་དང་སྲིད་གཞུང་གིསམི་དམངསཁོ་ན་ལ་ཞབས་ཕྱི་བྱེད་པ་ལས་སྤྱི་དམངས་ལ་ཞབས་ཕྱི་མི་བྱེད་ན། སུ་ཞིག་གིས་སྤྱི་དམངས་ལ་ཞབས་ཕྱི་བྱ། 

མི་དམངསཞེས་པ་སུ་དང་གང་གིས་ཤེས་རྟོགས་མེད་པའི་གནས་སྐབས་སུ། ཚོགས་པ་དང་སྲིད་གཞུང་གིས་སུའི་ཆེད་དུ་ཞབས་ཕྱི་བྱེད་པ་རེད་དམ། 

སྲིད་གཞུང་གི་དབང་འཛིན་མཁན་ནི་མི་དམངས་ཀྱི་ཞབས་གཡོག་པ་མིན་པར་དེ་ནི་སྤྱི་དམངས་ཀྱི་གཞུང་གཡོག་པ་ཡིན།མི་དམངས་ཀྱི་གླ་པདངམི་དམངས་སྤྱི་མཐུན་རྒྱལ་ཁབགཉིས་ནི་ཕན་ཚུན་ལྟོས་བཅས་ཀྱིས་འགལ་བ་གྲུབ་ཡོད། མི་དམངས་ཀྱི་གླ་པ་ནི་སྒེར་གྱི་གླ་པ་ཡིན་ལ། སྤྱི་དམངས་ཀྱི་གླ་པ་ནི་སྤྱི་པའི་གླ་པ་ཡིན། མི་དམངས་ཀྱི་གླ་པ་དེ་སྤྱི་དམངས་ལ་གསོ་རུ་འཇུག་མི་རུང་བ་དེ་ཡིན།

མི་དམངསནི་སྲིད་དབང་སྒེར་གཅོད་ཀྱི་གཏན་ཚིགས་ཀྱི་ཐོན་དངོས་ཤིག་ཡིན་ལ།སྤྱི་དམངསནི་སྲིད་ཁྲིམས་གཏན་ཚིགས་ཀྱི་འབྲས་བུ་ཡིན། སྲིད་དབང་སྒེར་གཅོད་ནི་མི་དམངས་ཀྱིས་སྐྱོང་བ་ཡིན་ལ། སྲིད་ཁྲིམས་དམངས་གཙོ་ནི་སྤྱི་དམངས་ཀྱིས་སྐྱོང་བ་ཡིན། 

སྤྱི་དམངས་ཁོ་ན་ནི་ད་གཟོད་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་དབང་དང་། སྒེར་ཚུགས། རྩིས་ཐང་བདོག་པའི་གཞི་རྟེན་ཡིན། གལ་ཏེ་ཆབ་འབངས་ཀྱིས་སྐུ་དྲག་གི་འབྲེལ་བ་མཚོན་པ་ཡིན་ན།མི་དམངསཀྱིས་དགྲ་ཟུན་གྱི་འབྲེལ་བ་སྟོན་ལ།སྤྱི་དམངསཀྱིས་སྤྱི་མཐུན་མངའ་ཁོངས་ཀྱི་སྒེར་དང་སྒེར་གྱི་དབར་གྱི་གྲོགས་པོའི་འབྲེལ་བ་མཚོན། འདི་ནི་རང་དབང་དང་འདྲ་མཉམ། རྩིས་ཐང་ཡོད་པའི་མི་སྒེར་གྱི་འབྲེལ་བའི་རིགས་ཤིག་ཡིན། 

གྲོགས་པོ་ཕན་ཚུན་དབར་དུ་ཐོབ་ཐང་དང་འོས་འགན་ནི་འདྲ་མཉམ་ཡིན་པ་མཚོན་ལ། ཁྲིམས་ལུགས་ཀྱི་གོ་བབ་དང་འོས་ཐང་ཡང་འདྲ་མཉམ་ཡིན་པ་མཚོན། སྤྱི་དམངས་ནི་དམངས་གཙོའི་ཆབ་སྲིད་ཀྱི་མངའ་ཁོངས་སུ་འཚོ་ལ། ཁྲིམས་ལུགས་ཀྱིས་འགན་སྲུང་བྱེད། ཐོབ་ཐང་འདྲ་མཉམ་ཞེས་པ་འདི་ལས་མགོ་མ་འབུས་པ་ཡིན་ན། དེང་གི་སྤྱི་དམངས་འབྱུང་མི་སྲིད། སྤྱི་དམངས་མེད་ཚེ། དམངས་གཙོ་ཞེས་པ་ཡང་ག་ལ་ཡོད། 


No comments:

Post a Comment

Adbox