འཕྱོངས་རྒྱས།
འབར་རྡེའུ།
སྐར་མ་རྩེ་དྲུག་པ་ཞིག་ཟལ་མོ་སྒང་གི་ཕྲག་ནས་ཡལ་སོང་།
ལོ་རྒྱུས་ཀྱི་རུས་པ་ནམ་མཁའི་རྐན་ལ་ཟུག་འདུག
རྡོ་རིང་གཞན་དག་དང་འདྲ་བར་བོར་བརླག་ཐེབས་པའི་འཕྱིང་བ་རྩེ་དྲུག
བང་སོ་བསྔོགས་ཏེ་གཞིས་ཀ་སྟོངས་ཤུལ་ཀྱི་འཕྱོངས་རྒྱས།
བོད་ཡུལ་ཟལ་མོ་སྒང་གི་བསྡུས་པའི་ས་བཀྲ་ཡིན་ནམ།
ལུང་པའི་ཕུ་མདའ་རེ་ན། ཤེས་རིག་གི་སོར་མོའི་འདུ་བྱེད་གོར་མ་རྡོ་ལ་བབས་འདུག
རྡོ་བར་གྱུར་པའི་སྤེན་པད་དག་གླེགས་བམ་བཞིན་བརྩིགས་འདུག
ལུང་པའི་ཕུ་མདའ་རེ་ན། འཇོར་ལྕགས་འཁེལ་བའི་ལྡེབས་རིས་དག་ཁ་གཡང་དང་མཉམ་དུ་ལུས་འདུག
བསུབས་ཟིན་པ་དག་ཡང་བསྐྱར་གསུབ་རྒྱུའི་ལས་ཀ་མང་པོ་ཞིག་ལུས་འདུག
བལྟས་བལྟས་རིག་རིག་ལ།
གནའ་བོའི་གྲོང་ཚོ་དག་གི་ངོ་གདོང་འགྱུར་གྱི་འདུག
འབག་དཀར་པོའི་ཕ་ཡུལ་གྱི།
འབག་དཀར་པོའི་རྒྱབ་ལོགས་ཀྱི།
བབ་ཆགས་པའི་འཛུམ་ཀོང་དེ་ཚོ་འགྱུར་སྲིད་དམ།
ཨར་འདམ་དང་རྣོ་སྐུད་ཀྱི་འཁྲུག་ཆའི་ཁྲོད་ན།
ཨར་གཞས་ཁོ་ནར་བརྡ་རྙིང་ཁ་ཤས་འབྱར་འདུག
རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།
སྨན་བླ་སྐྱབས་ནི་སྤྱི་ལོ་༡༩༦༣ ལོར་ཨ་མདོ་མང་རའི་སྟོད་རྒྱུད་ཀྱི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། སྨྱུག་མིང་ལ་གངས་བུ་དགའ་སྐྱེད་དང་འབར་རྡེའུ་སོགས་སུ་འབོད། སྔ་ཕྱིར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་དང་ཧྲང་ཧའེ་ཟློས་གར་སློབ་གླིང༌། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་འགྲིམས་ལ་གློག་བརྙན་སྐད་སྦྱོར་བ་དང༌། འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། སྒྲ་བརྙན་རྩོམ་སྒྲིག་པ་བཅས་ཀྱི་ལས་ཀར་ཞུགས་མྱོང།
དགྱ་གཞུང་ཟློས་གར་པའི་མཐུན་ཚོགས་དང་མཚོ་སྔོན་ཡན་ལག་ཚོགས་པའི་ཁོངས་མི།⊇དགྱ་ནག་གི་རིམ་པ་གཉིས་པའི་འཁྲབ་གཞུང་རྩོམ་པ་པོ་བཅས་ཡིན། དེར་མ་ཟད། དགྱ་གཞུང་སྒྱུ་རྩལ་པའི་མིང་མཛོད་ཆེན་མོ། དགྱ་གཞུང་རིག་གནས་སྒྱུ་རྩལ་པའི་མིང་མཛོད་ཆེན་མོ་སོགས་སུ་ཁོང་གི་མིང་བཀོད་ཡོད།
སྤྱི་ལོ་༡༩༨༢ ལོ་ནས་བཟུང་གསར་རྩོམ་གྱི་ལས་སུ་ཞུགས་ཤིང༌། ད་ལྟའི་བར་དུ་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ། ཁ་ཤགས། གར་ཆུང༌། གླུ་ཚིག་སོགས་ཡིག་ཐོག་བརྩམས་ཆོས་༣༦༠ ལྷག་སྤེལ་མྱོང་། དེ་མིན་བརྙན་འཕྲིན་དང་རྒྱང་སྒྲོག་ཟློས་གར་གྱིས་མཚོན་པའི་ངག་ཐོག་བརྩམས་ཆོས་ཀྱང་འབོར་ཆེན་ཞིག་ཡོད། <<རྨ་བྱའི་སྲས་མོ >>སོགས་ཁོས་སྐད་སྦྱར་བའམ་འཁྲབ་ཁྲིད་གནང་བའི་བོད་སྐད་གློག་བརྙན་དྲུག་ལ་སོ་སོར་རྒྱལ་ཁབ་རིམ་པའང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ།
སྒྲུང་གཏམ་<<སྐྱོ་གར་>>དང༌། སྙན་ངག་ལྷུག་མ་<<སྒྱུ་རྩལ་གྱི་དད་ལྡན།>> སྙན་རྩོམ་<<ན་ཟླ་ཚོ། གླུ་ཞིག་ལོངས་དང།>> <<པ་སངས་ལགས།>> དགྱ་ཡིག་གིས་བྲིས་པའི་འཁྲབ་གཞུང་<<སང་ཉིན་གྱི་གཏམ་རྒྱུད།>> གླུ་ཚིག་<<པཎ་ཆེན་ལགས་>>སོགས་ནི་<<ཕྱོགས་བསྒྲིགས་>>དཔེ་དེབ་དག་ཏུ་བདམས་པར་མ་ཟད། ལ་ལར་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པ་དང་ཁ་ཤས་ཞིང་ལྗོངས་ལྔའི་སློབ་གྲྭ་ཆེན་མོ་རྩོམ་རིག་བསླབ་གཞིར་བདམས།
སྙན་ངག་ཆེད་བསྒྲིགས་དཔེ་དེབ་<<བྲག་རིའི་སྲས་མོ>>དང༌། དེ་མིན་<<སྒྱུ་རྩལ་པ།>> <<འཚོལ།>> <<ལྷ་སར་འགྲོ།>><<རུ་སྡེ་ཁྲ་མོ།>> <<རི་བོང་བློ་ལྡན།>> <<ཅང་ཤེས་རྟ་བཤད་>>སོགས་བརྩམས་ཆོས་ཆེད་བསྒྲིགས་སྒྲ་ཐག་པར་སྐྲུན་བྱས་ཡོད།

No comments:
Post a Comment